ཨ་རི་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ངོ་སྤྲོད་མདོར་བསྡུས།

ཨ་རི་བོད་ཀྱི་གསོ་རིག་ལྷན་ཚོགས་ནི་གངས་ཅན་བོད་ཀྱི་གསོ་རིག་དར་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་ཤུགས་ནུས་ཡོད་དགུ་རྩལ་སྤྲུགས་འདོན་མཁན་ཉག་ཅིག་ཡིན། ཚོགས་པ་འདི་ནི་སྲིད་དོན་དང་འབྲེལ་བ་གང་ཡང་མེད་ཅིང་སྲིད་དོན་ལས་འགུལ་ལའང་མཉམ་ཞུགས་བྱེད་ཀྱི་མེད་པ་ཞིག་ཡིན།  ཚོགས་པ་འདི་ནི་ཨ་རིའི་རྒྱལ་ཁབ་རིམ་པའི་ཚོགས་པ་ཞིག་ཡིན་ཞིང་། འདི་ནི་ཨ་མི་རི་ཀའི་མནའ་མཐུན་མངའ་སྡེའི་ཁོངས་སུ་ཡོད་པའི་བོད་ལུགས་གསོ་རིག་སྨན་པ་ཡོངས་ཀྱི་སྐུ་ཚབས་བྱེད་ཀྱི་ཡོད།  ཚོགས་པ་འཛུགས་པའི་དགོས་པ་ནི་འགྲོ་བ་མི་ཡི་རིགས་ཀྱི་ཆེད་དུ། བོད་ཀྱི་གསོ་རིག་གི་རིག་གཞུང་དང་། གདམས་པ། མན་ངག ལག་ལེན་དང་བཅས་པ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གྱི་ངང་ནས་དར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན།།